གསར་འགྱུར། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན།

རང་རྒྱལ་གྱི་སྤྱི་དམངས་ལ་རྩ་བའི་ཁེ་དབང་དང་འོས་འགན་ཅི་ཞིག་ཡོད། 0

2020-03-24 09:39 གངས་བུ་ཟླ་གཞོན། | སྲིད་ཇུས།/ཁྲིམས་སྲོལ།/བཅའ་ཁྲིམས།
ལན1བཏབ་ཡོད།
འབྲོག་བུ་བློ་དཀར།  2020-03-24 10:24 དྲི་བ་འདོན་མཁན་གྱིས་དང་དུ་བླངས།
  • རྩ་ཁྲིམས་ནང་གཏན་ལ་ཕབ་པའི་རང་རྒྱལ་སྤྱི་དམངས་ཀྱི་རྩ་བའི་ཁེ་དབང་དག་གཤམ་གསལ། གཅིག ལོ་ན་བཅོ་བརྒྱད་ཧྲིལ་པོར་ལོན་པའི་ཀྲུང་གོའི་སྤྱི་དམངས་ཏེ་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་ཕྲོགས་ཟིན་པ་ཞིག་མིན་ཕྱིན་ཚང་མར་འདེམ་བྱེད་དང་བདམ་བྱའི་དབང་ཆ་ཡོད།གཉིས། གཏམ་བརྗོད་དང་འཕྲིན་བསྐུར། དཔེ་སྐྲུན། འདུ་ཚོགས། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་རང་དབང་ཡོད། སྤྱི་དམངས་ཀྱི་འཕྲིན་བསྐུར་རང་དབང་དང་འཕྲིན་ཡིག་གི་གསང་དོན་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་སྲུང་སྐྱོང་བྱེད་རྒྱུ། མི་གཞན་གྱི་འཕྲིན་ཡིག་ཁ་ཕྱེས་པ་དང་། མེད་པར་བཏང་བ། སྦ་སྐུང་བྱེད་པ་བཅས་ནི་རྩ་ཁྲིམས་དང་འགལ་བ་ཡིན། ཡིག་སྐྱེལ་གློག་འཕྲིན་གྱི་ལས་བྱེད་མཁན་གྱིས་སྦྲག་ཐོག་བསྐུར་བྱ་དང་གློག་འཕྲིན་གྱི་ཁ་ལྐོག་ཏུ་ཕྱེས་ཤིང་། མེད་བརླག་ཏུ་བཏང་བ་དང་། ཡང་ན་བརྐུས་པ་བཅས་ནི་ཉེས་སྤྱོད་ཡིན་པས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་རྒྱུ།

    གསུམ། ཆོས་ལ་དད་པ་བྱེད་པ་དང་མི་བྱེད་པའི་རང་དབང་ཡོད། རང་རྒྱལ་གྱི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ཐད་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱི་བཀོད་པར་མི་ཉན་པ་དང་། ཆོས་ལུགས་ཀྱི་རྒྱུན་ལྡན་བྱེད་སྒོར་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་རྒྱུ། ཡིན་ནའང་མི་སུས་ཀྱང་ཆོས་ལུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་དང་། སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོ་ལམ་ལུགས་ལ་འགོག་རྐྱེན་བཟོ་བ་བཅས་ཀྱི་བྱ་བ་བྱེད་མི་ཆོག བཀས་བཀོད་རྒྱུད་འཛིན་གྱི་ལོག་སྤྱོད་རྨོངས་དད་ཚོགས་པ་རྩ་འཛུགས་དང་བེད་སྤྱད་དེ་གསར་བརྗེར་ངོ་རྒོལ་གྱི་བྱ་བ་བྱས་ཚེ་གསར་བརྗེ་ངོ་རྒོལ་གྱི་ནག་ཉེས་ལ་བརྩིས་ཏེ་ཆད་པ་གཅོད་རྒྱུ་རྩ་ཁྲིམས་ནང་གཏན་ལ་ཕབ་ཡོད།བཞི། སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱ། རང་ལུས་རང་དབང་། སྡོད་ཁང་སོགས་ལ་གནོད་འཚེ་གཏོང་མི་ཆོག སྤྱི་དམངས་ཀྱི་མིའི་ཐོབ་ཐང་དང་ལ་རྒྱ་ལ་དམའ་འབེབས་དང་། སྙོན་འཛུགས་ཀྱི་སྤྱོད་པ་གཏན་འགོག་བྱེད་རྒྱུ། མི་དམངས་ཞིབ་དཔྱོད་ཁང་གིས་ཆོག་མཆན་མ་བཀོད་པ་དང་ཡང་ན་མི་དམངས་ཁྲིམས་ཁང་གིས་ཐག་བཅད་མ་བྱས་ན། སྤྱི་དམངས་འཛིན་བཟུང་བྱ་མི་ཆོག ཁྲིམས་འགལ་སྒོས་སྤྱི་དམངས་ཀྱི་རང་ལུས་རང་དབང་བཙན་འཕྲོག་དང་ཚོད་འཛིན་བྱེད་མི་ཆོག་ལ། སྤྱི་དམངས་ཀྱི་ལུས་ལ་སྔོག་བཤེར་བྱ་མི་ཆོག ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་སྡོད་གནས་ལ་སྔོག་བཤེར་དང་བཙན་འཛུལ་བྱེད་མི་ཆོག རང་དགར་གྱིས་ཁྲིམས་གཅོད་ཁང་འཛུགས་པ་དང་། ཁྲིམས་འགལ་སྒོས་མང་ཚོགས་བཙོན་འཇུག་དང་ཉེས་རྡུང་བྱེད་པ་ནི་སྤྱི་དམངས་ཀྱི་རང་ལུས་བདེ་འཇགས་དང་རང་ལུས་རང་དབང་ལ་བཙན་གནོད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན།ལྔ། ངལ་རྩོལ་པ་ལ་ངལ་གསོ་བྱེད་པའི་རང་དབང་ཡོད་པ་མ་ཟད། ལོ་རྒན་པ་དང་ན་ཚ། ཡང་ན་ལས་ཀའི་ནུས་པ་ཉམས་དུས་ཁོ་ཚོ་ལ་རོགས་རམ་དངོས་རྫས་ཐོབ་དབང་ཡོད། དྲུག སྤྱི་དམངས་ལ་ཚན་རིག་ཞིབ་འཇུག་དང་རིག་གནས་སྒྱུ་རྩལ་གསར་རྩོམ། དེ་མིན་རིག་གནས་ཀྱི་བྱ་བ་གཞན་དག་བྱེད་དབང་ཡང་ཡོད། ཡིན་ནའང་གསར་རྩོམ་རང་དབང་ཞེས་པར་ཁ་གཡར་ནས་མ་རབས་བཙོག་རིགས་ཀྱི་ཚགས་པར་ཆུང་བ་དང་དུས་དེབ་བཟོ་སྐྲུན་བྱེད་པ་དང་། འདོད་གཡེམ་གྱི་བརྙན་ཕབ་དང་སྒྲ་ཕབ་འགྲེམ་འཚོང་ལྟ་ཉན་བྱེད་པ་དེ་དག་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་པས་ངེས་པར་དུ་གཏན་འགོག་དང་བཀག་སྡོམ་བྱེད་རྒྱུ་ཡིན།

    བདུན། ཆབ་སྲིད་དང་དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁྱིམ་ཚང་གི་འཚོ་བ་བཅས་ཀྱི་ཐད་ནས་བུད་མེད་ལ་སྐྱེས་པ་དང་འདྲ་བའི་དབང་ཆ་ལོངས་སུ་སྤྱོད་དབང་ཡོད། གཉེན་སྒྲིག་དང་ཁྱིམ་ཚང་། ཨ་མ། བྱིས་པ་བཅས་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་པ་ཡིན། གཉེན་སྒྲིག་རང་དབང་ལ་གཏོར་བཤིག་གཏོང་བ་དང་། རྒན་པ་དང་བུད་མེད། བྱིས་པ་བཅས་ལ་མནར་གཅོད་གཏོང་བར་བཀག་འགོག་བྱེད་རྒྱུ། བུད་མེད་དང་བྱིས་པ་ལྐོག་ཚོང་བྱེད་པའི་ཉེས་སྤྱོད་ལ་རྒྱལ་ཁབ་ཀྱིས་རྡུང་རྡེག་དྲག་པོ་བྱེད་རྒྱུ་ཡིན།བརྒྱད། སྤྱི་དམངས་ལ་གནས་ལུགས་གཏུག་ཞུ་དང་གྱོད་གཏུག ཡང་ན་ཉེས་སྐྱོན་འདོན་པ་དང་། ཚབ་འཇལ་སྐྱིན་ལེན་བྱེད་པ་བཅས་ཀྱི་དབང་ཆ་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་སུ་དང་སུ་ལ་སྐྱོན་བརྗོད་དང་བསམ་འཆར་འདོན་དབང་ཡོད་ཅིང་། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་ཁྲིམས་འགལ་འགན་འཛོལ་གང་བྱུང་དེར་གྱོད་གཏུག་དང་གནས་ལུགས་གཏུག་ཞུ། ཉེས་སྐྱོན་འདོན་དབང་ཡང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་སམ་ཡང་ན་ལས་བྱེད་མི་སྣས་སྤྱི་དམངས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ནས་གྱོང་གུན་ཐེབས་པའི་མི་ལ་ཁྲིམས་ལྟར་ཚབ་འཇལ་སྐྱིན་ལེན་བྱེད་དབང་ཡོད། གནས་ཚུལ་གཏུག་ཞུ་དང་གྱོད་གཏུག་བྱེད་སྐབས་ངེས་པར་དུ་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གོ་རིམ་ལྟར་ཁྲིམས་མཐུན་གྱི་བྱེད་སྟངས་དང་ཚུལ་མཐུན་གྱི་བྱེད་ཐབས་ལག་བསྟར་བྱེད་དགོས་པ་ལས་རྒྱུ་མཚན་ཡོད་ན་ཡང་ཟང་ཟིང་སློང་མི་ཆོག དགུ། རྒྱལ་ཁབ་ཀྱིས་ཕྱི་སྡོད་རང་མིའི་ཚུལ་མཐུན་ཁེ་དབང་ལ་སྲུང་སྐྱོབ་དང་ཕྱིར་སྡོད་རང་མི་ཚུར་ལོག་པ་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་སོགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན།


    དཔྱད་བརྗོད།(0) 0 0